ང་བཅས་ཀྱི་ལཱ་འགན།

  • ལས་འབྲེལ་རྩིས་ཞིབ།
  • དངུལ་འབྲེལ་རྩིས་ཞིབ།
  • ཁྲིམས་བསྟུན་རྩིས་ཞིབ།

ལས་སྡེ་ཚུ་གིས་ ཐོན་སྐྱེད་ཚུ་བཀོལ་སྤྱོད་འབད་ནི་ནང་ ཚད་དམ་དང་ འཇོན་ཚད་ དོན་སྨིན་ཚུ་གྲུབ་ཡོད་མེད་ཀྱི་བརྟག་ཞིབ་འབད་ནིའི་དོན་ལུ་ ལས་རིམ་དང་ ལས་སྤྱོད་ ཡང་ན་ འཛིན་སྐྱོང་ལམ་ལུགས་ དེ་ལས་ བྱ་རིམ་ཚུ་གི་རང་དབང་གི་བརྟག་དཔྱད་ཨིན། འདི་གིས་ གཞུང་ལུ་ འཛིན་སྐྱོང་གི་མཛད་སྒོ་ཚུ་དང་ དེ་གའི་གྲོས་ཐག་ཚུ་གི་གྲུབ་འབྲས་ཚུ་གི་སྐོར་ལས་ བརྡ་སྤྲོད་འབད་ནི་ནང་རྩ་ཅན་གྱི་འགན་ཁག་འབགཔ་ཨིན། རྩིས་ཞིབ་འདི་གིས་ མི་དམངས་ཀྱི་ཞབས་ཏོག་ཚུ་ ག་དེ་སྦེ་ལག་ལེན་འཐབ་ཨིན་ན་ ལྷད་མེད་དང་ ཁུངས་ལྡན་གྱི་བརྡ་དོན་ཚུ་སྤྲོད་ཐོག་ལས་ དྭངས་གསལ་དང་ འགན་འཁྲི་ཡར་དྲག་བཟོ་ནི་གི་དམིགས་ཡུལ་བསྐྱེདཔ་ཨིན།


“ཚད་དམ་དང་ ལེགས་བཅོས་འབད་ནི་གི་དམིགས་ཡུལ་ལུ་བརྩི་འཇོག་འབད་དེ་ གཞུང་གི་ལས་སྣ་ཚུ་དང་ ལས་རིམ་ཚུ་ ཡང་ན་ འགོ་འདྲེན་ཚུ་གི་ འཇོན་ཚད་དང་དོན་སྨིན་གྱི་རང་དབང་བརྟག་ཞིབ་” (མངོན་མཐོ་རྩིས་ཞིབ་གཙུག་སྡེའི་རྒྱལ་སྤྱིའི་འདུས་ཚོགས) །


ལས་འབྲེལ་རྩིས་ཞིབ་ཀྱི་འགན་དབང་དང་ དོན་ཚན་གྱི་གདམ་འཐུ།
རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ ལས་འབྲེལ་རྩིས་ཞིབ་རྐྱབ་ནི་གི་འགན་དབང་འདི་ འབྲུག་གི་རྩ་ཁྲིམས་ཆེན་མོའི་རྩ་ཚན་༢༥(༡) དང་ འབྲུག་གི་རྩིས་ཞིབ་བཅའ་ཁྲིམས་༢༠༡༨ ཅན་མའི་དོན་ཚན་༦༨ པའི་ནང་ལུ་ “དབང་འཛིན་གྱིས་ མི་མང་ཐོན་སྐྱེད་ཚུ་ ཚད་དམ་དང་ འཇོན་ཚད་ དོན་སྨིན་ཅན་གྱི་ཐོག་ལུ་སྤྱོད་ནིའི་སྐོར་ རྩིས་ཞིབ་རྐྱབ་སྟེ་སྙན་ཞུ་འབད་དགོ་” ཟེར་འཁོད་དེ་ཡོད་མི་ལས་ཐོབ་ཨིན། རྩིས་ཞིབ་བཅའ་ཁྲིམས་ཀྱི་དོན་ཚན་༦༩ པའི་ནང་ལུ་ “དབང་འཛིན་གྱིས་ དགོས་མཁོ་མཐོང་མི་དང་འཁྲིལ་ གདམ་འཐུ་འབད་བའི་འཆར་གཞི་དང་ བརྗོད་དོན་ ཡང་ན་ དོན་ཚན་ཚུ་གི་ཐད་ མི་མང་ལས་སྤྱོད་ཚུ་ནང་ ཚད་དམ་དང་ འཇོན་ཚད་ དོན་སྨིན་ཚུ་གི་སྐོར་ལས་ བརྟག་ཞིབ་འབད་ནི་དང་ སྙན་ཞུ་འབད་ནིའི་དོན་ལུ་ ལས་འབྲེལ་རྩིས་ཞིབ་འགོ་འདྲེན་འཐབ་དགོ་” ཟེར་འཁོད་དེ་ཡོད་མི་ལས་ཡང་ཐོབ་ཨིན།

ལས་འབྲེལ་རྩིས་ཞིབ་ཚུ་གི་དོན་ཚན་གདམ་འཐུ་འབད་ནི་གི་ཚད་གཞི་ནང་ གཤམ་འཁོད་ཚུ་ཚུདཔ་ཨིནཿ
•    དངོས་ཁུངས།
•    འབྱུང་སྲིད་པའི་ཕན་གནོད།
•    ལེགས་བཅོས།
•    གཞུང་ ཡང་ན་ མི་དམངས་ཀྱི་མཐའ་དོན།
•    མངོན་མཐོ་རྩིས་ཞིབ་གཙུག་སྡེ་ལུ་ཉེན་ཁ།
•    རྩིས་ཞིབ་རྐྱབ་ནིའི་འོས་འབབ།
•    འོས་འབབ།
•    ཧེ་མའི་རྩིས་ཞིབ་ཀྱི་ལཱ།
•    འཆར་གཞི་བརྩམས་མི་ ཡང་ན་ འབད་འཕྲོ་ཡོད་པའི་ལཱ་རིགས་གཞན་ཚུ།
•    སྲིད་དོན་གྱི་ཤེས་ཚོར་མཐོ་དྲགས་ཡོད་མི།


ལས་འབྲེལ་རྩིས་ཞིབ་འདི་ སྤྱི་ལོ་༢༠༠༠ ལས་ར་འགོ་བཙུགས་ཡོདཔ་དང་ སྤྱི་ལོ་༢༠༠༧ ཟླ་༧ པའི་ནང་ ལས་འབྲེལ་དང་ དོན་འབྲེལ་རྩིས་ཞིབ་སྡེ་ཚན་ཅིག་སོ་སོ་སྦེ་གཞི་བཙུགས་འབད་ཡི། ལས་འབྲེལ་རྩིས་ཞིབ་ཀྱི་ལམ་སྟོན་དང་པ་འདི་ སྤྱི་ལོ་༢༠༠༥ ལུ་གསར་བཟོ་འབད་ཡོདཔ་དང་ སྤྱི་ལོ་༢༠༡༡ གི་ལོ་ནང་ བསྐྱར་བཟོ་འབད་ཡི།

སྤྱི་ལོ་༢༠༡༧ ལུ་ མངོན་མཐོ་རྩིས་ཞིབ་གཙུག་སྡེའི་རྒྱལ་སྤྱིའི་གནས་ཚད་(ISSAIs) འདི་ རྩིས་ཞིབ་ཀྱི་གནས་ཚད་སྦེ་ཆ་འཇོག་འབད་མི་དང་ འདི་བཟུམ་མའི་རྩིས་ཞིབ་ཚུ་ནང་ མཁས་རིག་དང་ ལག་ལེན་ཚུ་བསྒྱུར་བཅོས་སོང་ཡོདཔ་བཞིན་དུ་ ལམ་སྟོན་ཚུ་ སྤྱི་ལོ་༢༠༡༩ ལུ་ བསྐྱར་བཟོ་འབད་ཡི།


ལས་འབྲེལ་རྩིས་ཞིབ་ཚུ་གི་ལམ་སྟོན་ཚུ།
ལས་འབྲེལ་རྩིས་ཞིབ་ཚུ་ མངོན་མཐོ་རྩིས་ཞིབ་གཙུག་སྡེའི་རྒྱལ་སྤྱིའི་འདུས་ཚོགས་ (INTOSAI) ཀྱི་ མངོན་མཐོ་རྩིས་ཞིབ་གཙུག་སྡེའི་རྒྱལ་སྤྱིའི་གནས་ཚད་ཚུ་ལུ་གཞི་བཞག་སྟེ་བཟོ་མི་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་ལས་འབྲེལ་རྩིས་ཞིབ་ཀྱི་ལམ་སྟོན་༢༠༡༩ ལུ་གཞི་བཞག་སྟེ་ཡོད། རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ ཉེན་ཁ་དབྱེ་དཔྱད་དང་ རྩིས་ཞིབ་འཆར་གཞི། རྩིས་ཞིབ་བྱ་རིམ་འཛིན་སྐྱོང་། སྤུས་ཚད་ངེས་བརྟན་བསྐྱར་ཞིབ་ཀྱི་ཐབས་ལམ་ དེ་ལས་ གཅིག་མཚུངས་ཀྱི་ལག་ལེན་ཚུ་གི་ཐོག་ལས་ སྤུས་ཚད་ཚུ་ངེས་བརྟན་བཟོཝ་ཨིན།

དངུལ་འབྲེལ་རྩིས་ཞིབ་འདི་ཡང་ འདུས་ཚོགས་ཀྱིས་བཟོ་སྟེ་ཡོད་མི་ དངུལ་འབྲེལ་རྩིས་བརྗོད་ཀྱི་བརྩི་མཐོང་དང་ ཆ་གནས་ཡར་དྲག་གཏང་ནིའི་དོན་ལུ་ འདུས་ཚོགས་ཀྱི་དངུལ་འབྲེལ་སྙན་ཞུ་ཚུ་དང་ སྙན་ཞུ་འབད་ནི་གི་བྱ་རིམ་ཚུ་ རང་དབང་ཐོག་ལུ་བརྟག་ཞིབ་འབད་མི་ལུ་གོཝ་ཨིན།


དངུལ་འབྲེལ་རྩིས་ཞིབ་ཀྱི་དགོས་དོན་གཙོ་བོཿ
དངུལ་འབྲེལ་རྩིས་བརྗོད་ཚུ་ དངུལ་འབྲེལ་སྙན་ཞུའི་གཞི་བཀོད་དང་འཁྲིལ་ཏེ་ དངོས་ཁུངས་ག་ར་དང་ལྡནམ་སྦེ་ བཟོ་ཡོད་མེད་ཀྱི་གྲོས་འཆར་བཀོད་ནི།
དངུལ་འབྲེལ་གྱི་བརྡ་དོན་ཚུ་ནང་ གཡོ་ཟོལ་ ཡང་ན་ འཛོལ་སྐྱོན་ལས་བརྟེན་པའི་ ནོར་འཁྲུལ་ཚུ་མེད་པའི་ ཁུངས་མཐུན་གྱི་ཡིད་ཆེས་ཐོབ་ནི།
རྩིས་ཞིབ་པའི་ཞིབ་རྟོག་ལུ་གཞི་བཞག་སྟེ་ གནས་ཚད་ཚུ་གི་དགོས་མཁོ་དང་བསྟུན་ དངུལ་འབྲེལ་རྩིས་བརྗོད་ཚུ་གི་སྙན་ཞུ་འབད་ནི་དང་ བརྡ་སྤྲོད་འབད་ནི།


དངུལ་འབྲེལ་རྩིས་ཞིབ་རྐྱབ་ནི་གི་འགན་དབང་ཚུ།
རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ དངུལ་འབྲེལ་རྩིས་ཞིབ་རྐྱབ་ནི་གི་འགན་དབང་འདི་ཡང་ འབྲུག་གི་རྩིས་ཞིབ་བཅའ་ཁྲིམས་༢༠༡༨ ཅན་མའི་དོན་ཚན་༧༣ པའི་ནང་ལུ་ “དངུལ་འབྲེལ་རྩིས་ཞིབ་ནང་ དངུལ་འབྲེལ་རྩིས་བརྗོད་ཚུ་ གཤམ་གསལ་གནད་དོན་ཚུ་ཚུད་ཡོདཔ་ དེ་འབདཝ་ད་ ཚད་འཛིན་མ་འབད་བའི་ ཆ་གནས་ཅན་གྱི་དངུལ་འབྲེལ་སྙན་ཞུའི་གནས་ཚད་དང་ ཁྲིམས་ལུགས་གཞི་བཀོད་དང་འཁྲིལ་ གྲ་སྒྲིག་འབད་མ་འབད་ཀྱི་གྲོས་འཆར་བཀོད་ནི་ཚུ་ཚུདཔ་ཨིནཿ


(༡) དངུལ་འབྲེལ་སྤྲོད་ལེན་ཚུ་ ཆ་གནས་ཡོད་པའི་ཁྲིམས་དང་འཁྲིལ་མ་འཁྲིལ་དང་ འབབ་ཁུངས་དང་ཟད་འགྲོ་གི་ཅ་ཆས་ཚུ་དང་འབྲེལ་བ་ཡོད་པའི་སྒྲུབ་བྱེད་ཚུ་ ཚུལ་མཐུན་ཡོད་མེད།
(༢) དཔྱ་བགོ་བཟོ་བའི་དངུལ་བསྡོམས་ཚུ་ ཆ་འཇོག་གྲུབ་པའི་ཚད་འཛིན་འཆར་དངུལ་ནང་འཁོད་ ཆེད་དུ་བཀོད་པའི་ལས་རིམ་དང་བྱ་སྒོའི་དོན་ལུ་ ཟད་འགྲོ་གཏང་ཡོད་མེད།
(༣) དངུལ་རྐྱང་དང་ དངོས་པོ་ དེ་ལས་ མི་དམངས་ཀྱི་རྒྱུ་དངོས་གཞན་ཚུ་ བརླག་སྟོར་དང་མེདཔ་ཤོར་ནི་ ཚུལ་མིན་སྤྱོད་ནི་ཚུའི་ ནང་འཁོད་རྩིས་ཞིབ་དང་ ནང་འཁོད་ཚད་འཛིན་གྱི་དོན་ལུ་གྲ་སྒྲིག་ཚུ་ཚུད་པའི་ ཚད་འཛིན་ ཡང་ན་ དངུལ་འབྲེལ་ དེ་མིན་པའི་རིགས་ཚུའི་རྩིས་ལས་དང་ འབྲེལ་ཡོད་ལམ་ལུགས་ཚུ་ ལྡང་ངེས་ཡོད་མེད།
(༤) འོང་འབབ་དང་ཁྲལ་རིགས་ གཞན་འབབ་ཁུངས་དང་བཙུགས་བཞག་གི་རྩིས་ཁྲ་ཚུ་ ངེས་བདེན་ཡོད་མེད་དང་ གནས་རྩིས་དང་དངུལ་སྒྱུར་ ཐོ་བཀོད་དང་ སྙན་ཞུའི་ཐབས་ལམ་དང་འབྲེལ་བའི་ ལམ་ལུགས་ཚུ་ ལྡང་ངེས་ཡོད་མེད་” ཟེར་འཁོད་དེ་ཡོད་མི་ནང་ལས་ཐོབ་ཨིན།


དངུལ་འབྲེལ་རྩིས་ཞིབ་ཀྱི་ཁྱབ་ཚད།
རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ གཞུང་དང་དེའི་འཆར་དངུལ་ལས་སྡེ་ཚུ་གི་དངུལ་འབྲེལ་རྩིས་བརྗོད་ཚུ་ རྩིས་ཞིབ་རྐྱབ་མི་འདི་ཡང་ ལྷན་ཁག་ཚུ་དང་ ལས་ཁུངས་ཚུ། སྡེ་ཚན་ཚུ་དང་ གཞན་མི་སྡེ་ཕྲན་དང་གཙུག་སྡེ་ཚུ་ནང་ ལས་སྡེའི་གལ་གནད་དང་ ཉེན་ཁ་ཡོད་མེད་ཀྱི་གནས་སྟངས་ དེ་ལས་ རྩིས་ཞིབ་ཀྱི་ཐོན་སྐྱེ་ཡོད་ལུགས་དང་འཁྲིལ་ཏེ་ རྩིས་ཞིབ་རྐྱབ་ཨིན། ཞི་བའི་མི་སྡེ་ལས་ཚོགས་དང་ ཆོས་སྡེ་ལྷན་ཚོགས་ དེ་ལས་ སྲིད་དོན་ཚོགས་པ་ཚུ་གི་དངུལ་འབྲེལ་རྩིས་བརྗོད་ཚུ་ཡང་ རྩིས་ཞིབ་རྐྱབ་དགོཔ་ཡོདཔ་ལས་ སྤྱིར་བསྡོམས་ལུ་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ ལོ་བསྟར་བཞིན་དུ་ དངུལ་འབྲེལ་རྩིས་ཞིབ་༦༤༠ དེ་ཅིག་རྐྱབ་ཨིན།


རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ རྩིས་ཞིབ་རྐྱབ་པའི་སྐབས་ གཤམ་གསལ་གྱི་གནདད་དོན་ཚུ་བསྐྱར་ཞིབ་འབདཝ་ཨིནཿ
•    འཆར་དངུལ་བགོ་བཀྲམ་དང་བྱ་རིམ་ཚུ།
•    ལས་སྣ་རེ་རེ་གི་དོན་ལུ་འཁྲི་བའི་ཟད་སོང་ཚུ།
•    དངུལ་འབྲེལ་རྩིས་བརྗོད་དང་ཡིག་རིགས་ཚུ།
•    ནང་འཁོད་དམ་འཛིན་གྱི་བྱ་རིམ་ཚུ།
•    འཆར་དངུལ་དང་ འཆར་དངུལ་གྱི་དོན་ཚན་གཙོ་བོ་ཚུ་དང་འཁྲིལ་བསྟུན།


དངུལ་འབྲེལ་རྩིས་ཞིབ་ཀྱི་ལམ་སྟོན་ཚུ།
དངུལ་འབྲེལ་རྩིས་ཞིབ་ཚུ་ མངོན་མཐོ་རྩིས་ཞིབ་གཙུག་སྡེའི་རྒྱལ་སྤྱིའི་འདུས་ཚོགས་ (INTOSAI) ཀྱི་ མངོན་མཐོ་རྩིས་ཞིབ་གཙུག་སྡེའི་རྒྱལ་སྤྱིའི་གནས་ཚད་ཚུ་ལུ་གཞི་བཞག་སྟེ་བཟོ་མི་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་ཁྲིམས་བསྟུན་རྩིས་ཞིབ་ཀྱི་ལམ་སྟོན་༢༠༡༩ ལུ་གཞི་བཞག་སྟེ་ཡོད། རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ ཉེན་ཁ་དབྱེ་དཔྱད་དང་ རྩིས་ཞིབ་འཆར་གཞི། རྩིས་ཞིབ་བྱ་རིམ་འཛིན་སྐྱོང་། སྤུས་ཚད་ངེས་བརྟན་བསྐྱར་ཞིབ་ཀྱི་ཐབས་ལམ་ དེ་ལས་ གཅིག་མཚུངས་ཀྱི་ལག་ལེན་ཚུ་གི་ཐོག་ལས་ རྩིས་ཞིབ་ཀྱི་སྤུས་ཚད་ཚུ་ངེས་བརྟན་བཟོཝ་ཨིན།

ཁྲིམས་བསྟུན་རྩིས་ཞིབ་འདི་ ལག་ལེན་རུང་བའི་ཁྲིམས་ལུགས་ཚུ་དང་ བཅའ་ཡིག་དང་སྒྲིག་གཞི་ དེ་ལས་ དབང་འཛིན་ཚུ་གིས་གནང་མི་བཀའ་རྒྱ་དང་བཀོད་རྒྱ་ཚུ་གི་ནང་དོན་ཚུ་དང་ འཁྲིལ་བསྟུན་འབད་མ་འབད་ཀྱི་ ཀུན་ཚང་གི་བསྐྱར་ཞིབ་ཅིག་ཨིན། ཁྲིམས་བསྟུན་རྩིས་ཞིབ་ཀྱི་སྐབས་ལུ་ རྩིས་ཞིབ་པ་ཚུ་གིས་ བཅའ་ཡིག་དང་སྒྲིག་གཞི་དང་ ཡང་དག་པའི་དངུལ་འབྲེལ་འཛིན་སྐྱོང་གི་གཞི་རྩ་ཚུ་ ཡང་ན་ ལག་ལེན་དྲག་ཤོས་ཚུ་ལུ་གཞི་བཞག་བཏུབ་པའི་ འཁྲིལ་བསྟུན་མ་འབད་བའི་དངོས་ཁུངས་ ཡང་ན་ གཞི་བཙུགས་འབད་ཡོད་པའི་ཚད་གཞི་ཚུ་ལས་ཐ་དད་ཡོད་མི་ཚུ་ལུ་ལྟཝ་ཨིན།


མངོན་མཐོ་རྩིས་ཞིབ་གཙུག་སྡེའི་རྒྱལ་སྤྱིའི་གནས་ཚད་༤༠༠༠ ནང་ལུ་ “ཁྲིམས་བསྟུན་རྩིས་ཞིབ་འདི་གིས་ རྩིས་ཞིབ་རྐྱབ་པའི་ལས་སྡེ་གང་རུང་གིས་ ཁྲིམས་ལུགས་དང་ བཅའ་ཡིག་དང་སྒྲིག་གཞི་ སྲིད་བྱུས་ཚུ་ གཏན་ཁྲིམས་ ཡང་ན་ ཁས་ལེན་འབད་བའི་ཁ་ཚིག་དང་གནས་ཚིག་ལ་སོགས་པ་ཚུ་དང་ འཁྲིལ་བསྟུན་འབད་མ་འབད་ལྟཝ་ཨིན། ཁྲིམས་བསྟུན་རྩིས་ཞིབ་སྐབས་ལུ་ རྩ་དོན་རྒྱ་ཆེ་དྲགས་སྦེ་ཞིབ་དཔྱད་འབད་ཆོག་” ཟེར་འཁོད་དེ་ཡོད།


ཁྲིམས་བསྟུན་རྩིས་ཞིབ་རྐྱབ་དགོ་པའི་འགན་དབང་ཚུ།
རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ ཁྲིམས་བསྟུན་རྩིས་ཞིབ་རྐྱབ་ནི་གི་འགན་དབང་འདི་ཡང་ འབྲུག་གི་རྩིས་ཞིབ་བཅའ་ཁྲིམས་༢༠༡༨ ཅན་མའི་དོན་ཚན་༧༤ པའི་ནང་ལུ་ “ཁྲིམས་བསྟུན་རྩིས་ཞིབ་ཀྱིས་ འདུན་པ་བསྐྱེད་མི་ལག་ལེན་པ་ལུ་ དབྱེ་ཞིབ་ཀྱི་གྲུབ་འབྲས་ ཡང་ན་ རང་དབང་གི་བརྟག་ཞིབ་ཀྱི་ཐོག་ལས་ འོས་ལྡན་གྱི་ཚད་གཞི་གི་ཐད་ དོན་ཚན་དང་འབྲེལ་བའི་གནད་དོན་གྱི་འཇལ་ཚད་ཀྱི་ཡིད་ཆེས་བསྐྱེད་བཅུག་པའི་སྒོ་ལས་ དོན་ཚན་དང་འབྲེལ་བའི་གནད་དོན་རྒྱ་ཆེ་དྲགས་འབད་ཁྱབ་དགོཔ་འདི་ཡངཿ
(༡) ཆ་གནས་ཅན་གྱི་ཁྲིམས་ལུགས་དང་ བཅའ་ཡིག་ སྒྲིག་གཞི་ སྲིད་བྱུས་ བཀའ་རྒྱ་ ལམ་ལུགས་ དེ་ལས་ ལག་ལེན་ཚུ་འཁྲིལ་བསྟུན་འབད་ཡོདཔ་དང་ ཁོང་ཚུ་ངོས་འཛིན་འབད་ནི་དང་ འདི་དང་འབྲེལ་བའི་འཁྲིལ་བསྟུན་ཚུ་ ལྟ་རྟོག་འབད་ནིའི་དོན་ལུ་ ལམ་ལུགས་ཚུ་ གཞི་བཙུགས་འབད་ཡོད་མེད།
(༢) རྩིས་ཁྲ་ཚུ་ ཆེད་དུ་བཀོད་པའི་བཀང་ཤོག་ཚུ་ནང་ རྒྱུན་སྐྱོང་འཐབ་ཡོད་མེད་དང་ དེ་ལུགས་ཀྱི་རྩིས་ཁྲ་ཚུ་ སྤྲོད་ལེན་གྱི་གནས་རིམ་དང་འཁྲིལ་ཏེ་ དྲང་བདེན་ཐོག་སྟོན་དང་མ་སྟོན།
(༣) ལས་རིམ་གྱི་ལག་ལེན་ཚུ་ རིན་གོང་དང་དུས་ཚོད་འཐེབ་འགྱོ་ནིའི་ཆ་རྐྱེན་ཚུ་ སྤང་ནིའི་དོན་ལུ་ ལྡང་ངེས་ཀྱི་ལྟ་རྟོག་འབད་མ་འབད།
(༤) གཞུང་གི་རྒྱུ་དངོས་ཚུའི་ཐོ་གཏན་འཁེལ་ཡོད་མེད་དང་ དམ་འཛིན་དང་ ཚད་འཛིན་ འཛིན་སྐྱོང་ དེ་ལས་ དངོས་འབྲེལ་ཉེན་སྲུང་ཐབས་ལམ་ཚུ་ ལྡང་ངེས་ཡོད་མེད།
(༥) སྙན་ཞུ་འབད་མི་དངོས་འབྲེལ་ཅ་དངོས་ཚུ་དང་ གཞི་རྟེན་མཁོ་ཆས་ཚུ་ དངོས་གནས་ཐོག་ལུ་ཡོད་མེད་དང་ དགོས་མཁོའི་གསལ་བཀོད་དང་གནས་ཚད་ཚུ་དང་འཁྲིལ་བསྟུན་ཡོད་མེད།
(༦) མི་སྟོབས་དང་ དངུལ་འབྲེལ་རྒྱུ་དངོས་གཞན་ཚུ་བརྩིས་ཏེ་ ཐོན་ཁུངས་ཡོད་མི་ཚུ་ ཚུལ་མཐུན་ཐོག་ལུ་བཀོལ་སྤྱོད་འབད་མ་འབད།
(༧) སྐྱིན་འགྲུལ་དང་ སྤྲོད་འཇལ་ དམིགས་བསལ་གྱི་དགོས་དོན་མ་དངུལ་ཚུ་ ཐོ་ཡིག་གཏན་འཁེལ་བཞག་མ་བཞག་དང་ འཛིན་སྐྱོང་ཚུལ་མཐུན་འབད་མ་འབད།
(༨) ལས་རིམ་དང་ལས་དོན་གཞི་བཙུགས་འབད་མི་ཚུ་ འཆར་གཞི་བརྩམས་མི་དང་འཁྲིལ་ཏེ་ཨིན་མིན་དང་ རེ་འདུན་བསྐྱེད་པའི་དམིགས་ཡུལ་ཚུ་གྲུབ་མ་གྲུབ་” ཟེར་འཁོད་དེ་ཡོད་མི་ནང་ལས་ཐོབ་ཨིན།


ཁྲིམས་བསྟུན་རྩིས་ཞིབ་ཀྱིས་ དམངས་ཀྱི་མ་དངུལ་དང་ཐོན་སྐྱེད་ཚུ་ ཆ་གནས་ཅན་གྱི་དབང་འཛིན་ཚུ་དང་འཁྲིལ་ཏེ་ ལག་ལེན་འཐབ་ཡོད་མེད་ཀྱི་ ཁུངས་ལྡན་གྱི་སྙན་ཞུ་ཚུ་སྤྲོད་ཐོག་ལས་ དྭངས་གསལ་ཡར་དྲག་གཏངམ་ཨིན། དེ་མ་ཚད་ དག་བཅོས་ཀྱི་བྱ་ལེན་འཐབ་ནི་དང་ འགན་འཛིན་པ་ཚུ་ལུ་ ཁོང་རའི་ལས་སྣ་ཚུ་གི་ཐད་ཁར་འགན་འཁྲི་བཀལ་ནིའི་དོན་ལུ་ དབང་འཛིན་ལུ་མ་གནསཔ་དང་ འགལ་ཤོར་བྱུང་མི་ཚུ་སྙན་ཞུ་འབད་ཐོག་ལས་ འགན་འཁྲི་ཡང་གོང་འཕེལ་གཏངམ་ཨིན།


ཁྲིམས་བསྟུན་རྩིས་ཞིབ་རྐྱབ་ནི་གི་བྱ་རིམ་ཚུ།
རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ དོན་འབྲེལ་དང་ ལས་སྡེ་གཞིར་བཞག་གི་ཁྲིམས་བསྟུན་རྩིས་ཞིབ་ གཉིས་ཆ་ར་འགོ་འདྲེན་འཐབ་ཨིན། དོན་འབྲེལ་རྩིས་ཞིབ་རྐྱབ་ནི་གི་དོན་ཚན་ཚུ་ གདམ་ཁ་རྐྱབ་ནི་གི་འགན་ཁུར་འདི་ འཛིན་སྐྱོང་གི་གནས་རིམ་མཐོ་ཤོས་ལུ་ཕོགཔ་ཨིན་རུང་ ལས་སྡེ་གཞིར་བཞག་གི་ཁྲིམས་བསྟུན་རྩིས་ཞིབ་གདམ་ཁ་རྐྱབ་ནི་འདི་ སྡེ་ཚན་དང་ ལུང་ཕྱོགས་ཡིག་ཚང་ཚུ་ལུ་རག་ལསཔ་ཨིན། འབྲེལ་ཡོད་ཁྲིམས་ལུགས་ཀྱིས་ རྩིས་ཞིབ་ཀྱི་དགོས་མཁོ་བཀོད་མི་ དངུལ་འབྲེལ་རྩིས་ཞིབ་བཟུམ་སྦེ་མེན་པར་ ཁྲིམས་བསྟུན་རྩིས་ཞིབ་ཚུ་གི་འབྱུང་གྲངས་འདི་ ལས་སྡེ་ཚུ་གི་ཉེན་ཁའི་བརྟག་ཞིབ་རྐྱངམ་གཅིག་དང་ ཕན་ཁུངས་ལྷན་ཐབས་བཀལ་ནི་གི་ འོས་འབབ་ལུ་རག་ལསཔ་ཨིན།


གལ་གནད་ཅན་སྦེ་བརྟག་ཞིབ་འབད་མི་དོན་ཚན་ཚུ་ཡང་ སྒྲིག་གཞི་ལས་འགལ་བ་ཡོད་མེད་དང་ འོས་འབབ་མེད་པའི་གཞུང་གི་ལས་སྣ་ཚུ་ ཡང་ན་ འཆར་དངུལ་དང་འཁྲིལ་བསྟུན་འབད་ནི་ནང་ནོར་འཁྲུལ་ཡོད་མི་དང་ ག་ཅི་ལས་ཡང་ལྷག་སྟེ་ གྲོས་ཐག་གཅད་ནི་གི་བྱ་རིམ་ཚུ་ནང་ ཁོང་རའི་ཕན་གནོད་དང་འཁྲིལ་ཏེ་ རྩིས་ཞིབ་རྐྱབ་ནིའི་དོན་ལུ་གདམ་ཁ་རྐྱབ་ཨིན།


ཁྲིམས་བསྟུན་རྩིས་ཞིབ་ཚུ་གི་ལམ་སྟོན་ཚུ།
ཁྲིམས་བསྟུན་རྩིས་ཞིབ་ཚུ་ མངོན་མཐོ་རྩིས་ཞིབ་གཙུག་སྡེའི་རྒྱལ་སྤྱིའི་འདུས་ཚོགས་ (INTOSAI) ཀྱི་ མངོན་མཐོ་རྩིས་ཞིབ་གཙུག་སྡེའི་རྒྱལ་སྤྱིའི་གནས་ཚད་ཚུ་ལུ་གཞི་བཞག་སྟེ་བཟོ་མི་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་ཁྲིམས་བསྟུན་རྩིས་ཞིབ་ཀྱི་ལམ་སྟོན་༢༠༡༩ ལུ་གཞི་བཞག་སྟེ་ཡོད། རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ ཉེན་ཁ་དབྱེ་དཔྱད་དང་ རྩིས་ཞིབ་འཆར་གཞི། རྩིས་ཞིབ་བྱ་རིམ་འཛིན་སྐྱོང་། སྤུས་ཚད་ངེས་བརྟན་བསྐྱར་ཞིབ་ཀྱི་ཐབས་ལམ་ དེ་ལས་ གཅིག་མཚུངས་ཀྱི་ལག་ལེན་ཚུ་གི་ཐོག་ལས་ སྤུས་ཚད་ཚུ་ངེས་བརྟན་བཟོཝ་ཨིན།